སྤེལ་དུས། ༢༠༡༢-༠༧-༢༥
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྐབས་བཅོ་ལྔ་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་བཅུད་པར་གཡང་མཁོ་རྒྱལ་དང་དགེ་ལེགས་རྒྱ་མཚོ་གཉིས་འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་འདུག
ཉིན་དེའི་ཞོགས་པའི་དུས་ཚོད་བཅུ་པའི་སྟེང་སིམ་ལ་ཇོ་ནང་མ་དགོན་གྱི་དཔེ་མཛོད་ཁང་དུ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་མཆོག་དབུ་བཞུགས་ཐོག་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ཚོགས་འདུ་བསྡུ་སྐོང་བྱས་ཏེ་མདོ་སྨད་སྐབས་བཅུ་བཞི་པའི་གྲོས་ཆོད་གཞིར་བཟུང་ནས་མདོ་སྨད་དབུས་ས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་། རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་སྐུར་འདེབས། ལོ་རྒྱུས་འཁྱོག་བརྗོད་བྱེད་ཀྱིན་པར་དབུས་ས་གཉིས་ནས་དོ་སྣང་དང་ཚ་ནན་གྱི་ལས་འགུལ་སྤེལ་ཕྱོགས་སྐོར།
དེ་མིན་མདོ་སྨད་མི་མང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་མུ་མཐུད་ཤར་བསྐྱོད་བྱ་རྒྱུ་དང་། མདོ་སྨད་དབུས་ས་གཉིས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་མདོ་སྨད་གཞིས་བྱེས་གཉིས་ནས་སྐུའི་གྱ་སྟོན་གྱི་མཛད་སྒོ་གཟབ་རྒྱས་གནང་ཕྱོགས་ཐད། གཞན་ཡང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཙུགས་ནས་ལོ་འཁོར་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་བསྡུ་རྒྱུ་དང་མདོ་སྨད་ལག་འཁྱེར་བྱུང་བུའི་དུས་ཡུན་ལོ་ལྔར་ཕར་འགྱངས་བྱེད་ཕྱོགས་དང་ཛ་དྲག་མ་དངུལ་གཏོང་ཕྱོགས་སྐོར་སོགས་མི་མང་ལ་གསལ་བཤད་བྱས་ཡོད་པ་མ་ཟད། མི་མང་གི་དྲི་བ་དྲིས་ལན་ཁག་ལ་ལན་འདེབས་བྱས་ཡོད་འདུག དེའི་རྗེས་ས་གནས་དེ་གའི་མདོ་སྨད་ས་རྒྱུན་གསར་འདེམས་བྱས་ནས་ཚོགས་འདུ་ལེགས་འགྲུབ་བྱུང་སྟེ་ཕྱི་ཚེས་༢༤ཞོགས་པར་རྒྱུན་ལས་གཉིས་ཕྱིར་རྡ་སར་འབྱོར་ཡོད་འདུག






མཆན།