མདོ་སྨད་དྲ་རྒྱ།

བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གི་ཨ་རིའི་མཛད་འཕྲིན།

པར་འདེབས། PDF

དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གིས་ལ་དྭཊ་ཁུལ་གྱི་གཟིཊ་སྐོར་ཁག་ལེགས་པར་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་ཡོད་འདུག་ལ། རྒྱལ་སར་འབྱོར་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཝ་ཤིན་ཊོན་བོད་རིཊ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཕྱི་ཚེས་ ༡༧ རེས་གཟའ་མིག་དམར་ཉིན་བཀའ་ཁྲི་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་གནས་ཚུལ་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མེ་ཁལ་མི་ཧན་(Michael Meehan) མཆོག་དང་། རྒྱལ་སྤྱིའི་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་རི་ཆ་ཌི་ཨེམ་ལོ་བྷོ་ Richard M. Lobo མཆོག་རྣམ་གཉིས་ལ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་འགན་འཛིན་རྣམ་གཉིས་ཀྱིས་བོད་མིའི་རང་དབང་དང་མང་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་བརྗོད་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་གནས་ཚུལ་རྒྱ་ཁྱབ་ཏུ་གཏོང་ཐབས་བྱ་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག

ཕྱི་ཚེས་ ༡༨ རེས་གཟའ་ལྷག་པ་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་སྐུ་ཞབས་ཇོན་མེ་ཁེན་(John McCain)མཆོག་དང་། ཇོ་ལི་སྦར་མེན་(Joe Lieberman)རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་སྐབས་ཐོག་མར་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཏེ་སྐུ་ཞབས་ཇོ་ལི་སྦར་མེན་མཆོག་གིས་གསུང་དོན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནི་ལོ་རྒྱུས་རང་བཞིན་ལྡན་པའི་མི་སྣ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་མཆོག་ལ་རྩིས་སྤྲོད་མཛད་ཡོད། དེར་བརྟེན་ང་ཚོའི་ངོས་ནས་བཀའ་བློན་ཁྲི་པས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གཞུང་ནས་བོད་ནང་བོད་མིར་དམ་བསྒྲགས་ཅན་གྱི་སྲིད་བྱུས་འཛིན་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཡིན། ཞེས་སོགས་གསུངས་འདུག

དེ་ནས་ཇོ་མེ་ཁེན་མཆོག་གིས་གསུང་དོན། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊི་རོམ་ནེ (Mitt Romney) ཡིས་བོད་ཀྱི་གནད་དོན་སྐོར་ལ་སེམས་འཚབ་ཆེན་པོ་གནང་བཞིན་འདུག ཁོང་ནི་སྤྱིར་བོད་ཀྱི་གནས་སྟངས་དང་ཡང་སྒོས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད་ཚུལ་དང་། དེ་བཞིན་དུ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མི་ཊི་རོམ་ནེ་ནི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས། ཁོང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཚུལ་སོགས་ཀྱི་གསུང་བཤད་གནང་འདུག

དེའི་རྗེས་སུ་བཀའ་ཁྲི་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་ཇོན་མེ་ཁེན་མཆོག་དང་ཇོ་ལི་སྦར་མེན་མཆོག་གཉིས་ལ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཁོང་རྣམ་པ་གཉིས་ནི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། དེང་སྐབས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བོད་མི་བཞི་བཅུ་ཞེ་བཞིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་ཡིན། ང་ཚོས་རང་ལུས་མེར་སྲེག་གཏོང་མཁན་ཚོར་བརྒྱུད་བསྐུལ་ནམ་ཡང་བྱེད་ཀྱི་མེད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་བོད་མིར་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་པར་བརྟེན། བོད་མི་རྣམས་ཀྱིས་དེ་ལྟར་གནང་བཞིན་ཡོད་རེད། གལ་ཏེ་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་བྱས་ན། རང་ལུས་མེར་སྲེག་གི་གནས་ཚུལ་དེ་རང་བཞིན་གྱིས་མཚམས་ཆད་ཀྱི་རེད། ཅེས་སོགས་བོད་ནང་གི་གནས་སྟངས་སྐོར་ཞིབ་གསལ་གསུངས་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ནར་John Boehner མཆོག་དང་མཇལ་འཕྲད་གནང་ཡོད་འདུག་ལ། 

སྐབས་དེར་བཀའ་ཁྲི་མཆོག་གིས་ཚོགས་གཙོ་མཆོག་ནས་ད་བར་བོད་དོན་དང་བོད་མི་ཚོར་རྒྱབ་སྐྱོར་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཚོགས་གཙོ་མཆོག་ནས་ཀྱང་ཁོང་རང་ཉིད་མང་གཙོ་དང་རང་དབང་ལ་ཡིད་ཆེས་ཡོད་པར་བརྟེན་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཚུལ་གསུངས་ཡོད། གཞན་ཡང་ཉིན་དེར་བཀའ་ཁྲི་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ཀེ་རི་ (John Kerry) མཆོག་དང་ཡང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་ཌ་ཡེར་ David Dreier མཆོག་དང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་པར་ར་ཡི་སི་David Price མཆོག་རྣམ་གཉིས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་མ་ལྕམ་སྐུ་མ་རི་ཡོ་ཨོ་ཏེ་རོ་ Maria Otero མཆོག་བཅས་ལ་ཡང་མཇལ་འཕྲད་གནང་སྟེ་ད་ལྟའི་བོད་ནང་གིས་གནས་སྟངས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གོ་བསྡུར་གནང་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་གྱི་དགོང་དྲོར་བཀའ་ཁྲི་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་ས་གནས་བོད་རིགས་ཡོངས་ལ་བཀའ་སློབ་གནང་ཡོད་འདུག་ལ། སྐབས་དེར་བཀའ་ཁྲི་མཆོག་གིས་གསུང་དོན། དེ་རིང་འདི་གར་ཕེབས་པའི་རྣམ་པ་ཚང་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་བཀའ་བློན་ཁྲི་པའི་འགན་ཁུར་བླངས་ཏེ་ཤེས་ཡོན་ཐོག་ཡར་རྒྱས་སྔར་ལྷག་གཏོང་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་ཡིན། དེ་བཞིན་ང་ཚོས་ལས་གཞི་འདྲ་མིན་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པའི་ཁོངས་ནས་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེན་བཟུང་དང་འཛིན་བཞིན་ཡིན། ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་འགྲོ་སོང་གཏོང་རྒྱུ་ཞིག་དགོས་ཀྱི་ཡོད། དེར་བརྟེན་ད་རེས་ཨ་རིའི་སྲིད་གཞུང་ནས་ང་ཚོར་རོགས་སྐྱོར་རག་གི་ཡོད་པ་དེ་དག་ཤེས་ཡོན་ཐོག་འགྲོ་སོང་གཏོང་རྒྱུར་ཕན་ཐོགས་ཡོང་གི་རེད་སྙམ་གྱི་འདུག དེ་སྔོན་འདི་གར་ཡོང་སྐབས་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་ཚོ་དང་ཐུག་འཕྲད་བྱེད་རྒྱུ་བྱུང་། ད་རེས་ང་རང་འདི་གར་ཡོང་དགོས་དོན་ནི་ཆེད་མངགས་ཨ་རིའི་འཛིན་སྐྱོང་དང་གཞུང་ནང་ཡོད་པའི་གནད་ཡོད་མི་སྣ་ཚོ་དང་ལྷན་ཐུག་འཕྲད་བྱུང་ན། ད་རེས་ཙམ་མ་ཡིན་པར་མ་འོངས་པར་བཀའ་བློན་ཁྲི་པ་སུ་ཞིག་ཕེབས་ཀྱང་འགྲོ་ལམ་ཞིག་བཟོ་ཐུབ་ན་བསམས་པའི་རེ་བ་བྱས་ཏེ་གསར་འགྱུར་བརྒྱུད་ལམ་ཁག་ཐུག་འཕྲད་བྱ་རྒྱུ་ཉུང་ཙམ་བྱས་ཏེ། འཛིན་སྐྱོང་དང་ཐད་ཀར་འབྲེལ་བ་བྱུང་ན་བསམས་པའི་རེ་བ་བྱས་པ་ལྟར་ད་ལྟ་བར་ཧ་ཅང་ཡག་པོ་བྱུང་། དེའི་གནད་འགག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པར་གསོལ་རས་སྩལ་རྗེས་ཆབ་སྲིད་ཀྱི་འགན་ཁུར་ཡོད་པའི་མི་སྣ་ཞིག་དང་ལྷན་ཐད་ཀར་འབྲེལ་བ་བྱེད་སྐབས་ཆབ་སྲིད་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་འདུག

མཆན། (1)

  • བོད་མི་སྒྲིག་འཛིགས་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་བྱ་བཞག་ཐམས་ཅད་ཡར་ངོས་ཟླ་ལྟར་རྒྱས་གྱུར་ཅིག
    མདོ་སྨད་ཆོལ་ཁའི་དྲ་རྒྱ་འདི་ངོ་མ་ཡག་པོ་འདུག གང་ཡིན་ཟེར་ན་སོ་སོའི་ཆོལ་ཁའི་ལས་དོན་བྱེད་ཕྱོགས་སྐོར་གཅིག་པོ་མ་ཡིན་པའི་བོད་སྤྱི་བའི་གནས་ཚུལ་གཙུག་ཏུ་བཟུང་བ་མ་ཟད་རྒྱལ་སྤྱི་གསར་འགྱུར་ཡང་གང་འཚམ་སྤེལ་རྒྱུ་འདུག བསྔགས་བརྗོད་དང་དགའ་བསུ་ཡོད་མུ་མཐུད་དུ་རྣམ་པ་ཚའི་ཧར་ཐག་གནང་རོགས་ཞེས་འབོད་སྐུལ་ཞུ།

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་པ་སངས།, /05/ 24, 2013
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.